མདུན་ངོས།

གསར་འགྱུར།

 

❉❉❉

 

 

 

 

 

 

རྒྱས་པ་འདིར་གཟིགས།

❉❉❉

 

 

 

༄༅། །དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ངོ་སྤྲོད་མདོར་བསྡུས།

དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནི་ཕྱི་ལོ་ ༡༤༠༩ ལོར་འཇམ་མགོན་བླ་མ་གཙོང་ཁ་པ་ཆེན་པོས་ཕྱག་བཏབ། ཁྱབ་ཁོངས་དགའ་ལྡན་ཤར་བྱང་གཉིས་ལས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་འདི་ཉིད་ནི་འཇམ་མགོན་ཙོང་ཁ་པ་ཆེན་པོའི་དངོས་སློབ་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པའི་མངའ་བདག་སེམས་པ་ཆེན་པོ་ཧོར་སྟོན་ནམ་མཁའ་དཔལ་བས་ཐོག་མར་ཕྱག་བཏབ། དེ་ལྟར་ཧོར་སྟོན་ནམ་མཁའ་དཔལ་བས་རྗེའི་གཟིམ་ཆུང་ཉི་འོད་ཕུག་གི་བྱང་ཕྱོགས་རི་བོའི་རྩེ་མོར་བྱང་རྩེ་ཁང་དུ་གྲགས་པ་འདི་ཉིད་བཏབ་ནས་འཆད་ཉན་རྒྱ་ཆེར་མཛད་པར་བརྟེན་གྲྭ་ཚང་འདི་ཉིད་ཀྱི་མཚན་ལ་བྱང་རྩེ་གྲྭ་ཚང་དུ་གྲགས། དེ་ཡང་ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དུས་བདེའི་སྐབས་བོད་རང་དུ་དགེ་འདུན་པ་ ༢༠༠༠ ལྷག་ཙམ་གྱིས། སྟོན་པ་ཤཀྱཱ་ཐུབ་པའི་ཆོས་ཚུལ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ན་ལེཎ་ཌའི་མཁས་གྲུབ་རྣམས་ཀྱི་གཞུང་ལུགས་དྲི་མ་མེད་པ་སྤྱི་དང༌། བོད་རང་གི་སྔ་ཕྱིའི་མཁས་གྲུབ་རིམ་བྱོན། སྒོས་སུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཡབ་སྲས་སོགས་གདན་ས་འདི་ཉིད་ཀྱི་མཁས་གྲུབ་རིན་བྱོན་རྣམས་ཀྱི་ལེགས་བཤད་སོགས་ལ་ཉིན་མཚན་དུས་དྲུག་ཏུ་འཆད་རྩོད་རྩོམ་གསུམ་དང༌། ཐོས་བསམ་བསྒོམ་གསུམ་ཡ་མ་བྲལ་བར་བརྩོན་བཞིན་པར། རྒྱ་ནག་གཞུང་ནས་བོད་ས་སྟོད་སྨད་བར་གསུམ་བཙན་འཕྲོག་ཐོག་བོད་ཀྱི་ཆོས་དང་རིག་གཞུང༌། སྐད་དང་ཡུལ་སྲོལ། བོད་མི་རིགས་དང་བཅས་པ་རྩ་མེད་བཟོ་འདོད་ཀྱི་སྲིད་ཇུས་ངན་པ་རིམ་བཞིན་བོད་ས་སྟོད་སྨད་ཀུན་ཏུ་དངོས་སུ་ལག་བསྟར་བྱས་པར་བརྟེན། བཞིས་བྱེས་བོད་འབངས་ཡོངས་ཀྱི་སེམས་གཏིང་ནས་ནམ་ཡང་བརྗེད་མི་སྲིད་པའི་དུས་ཚིགས་ཀྱི་རྡོ་རིང་ལྟ་བུ། ཕྱི་ལོ་ ༡༩༥༩ ལོའི་ཟླ་བ་ ༣ པའི་ཚེས་ ༡༧ ཉིན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་མི་མི་ཉུང་བ་ཞིག་གསང་བྲོས་ཀྱིས་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་བཞིན། སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་དགའ་བ་དཔལ་བཟང་པོ་མཆོག་གི་དབུས་དགེ་འདུན་པ་ ༡༠༠༠ ཙམ་བཙན་བྱོལ་ལ་ཕེབས་དགོས་བྱུང༌། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་གནས་ཡུལ་རྒྱ་གར་གཞུང་གི་བླ་ན་མེད་པའི་མཛད་བྱུས་ལམ་སྟོན་འོག་སྦག་སར་ཆེད་འཛུགས་གནང་བའི་སྦག་ས་ནང་བསྟན་ཤེས་རིག་འཛིན་སྐྱོང་སློབ་གཉེར་ཁང་ཐོས་བསམ་ཐར་འདོད་གླིང་གི་ཁོངས་སུའང་སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་དགའ་བ་དཔལ་བཟང་པོ་མཆོག་གི་དབུས་དགེ་འདུན་པ་ཞལ་གྲངས་ ༢༠༠ ལྷག་ཙམ་གྱིས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་ཆོས་སྤྱོད་ཀྱི་མཛད་བཟང་རྣམས་ཉམས་པ་མེད་པར་སླང་གསོ་དང་རྒྱུན་འཛིན་གྱིས་བཀའ་དྲིན་བསམ་གྱི་མི་ཁྱབ་པ་བསྐྱངས། ཕྱི་ལོ་ ༡༩༧༠ ལོའི་ཟླ་བ་ ༡ པོར་སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཚུལ་ཁྲིམས་ཆོས་འཕེལ་དཔལ་བཟང་པོ་མཆོག་གི་དབུས་དགེ་འདུན་པ་ཞལ་གྲངས་ ༡༧༣ ལྷག་ཙམ་སྦག་སའི་ཆོས་སྒར་ནས་ལྷོ་ཕྱོགས་མོན་གྷོ་འདོད་རྒུའི་གླིང་དུ་སྐྱར་སྤོས་གནང༌། དེ་ལྟར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རྣམ་པར་དཀར་བའི་འཕྲིན་ལས་དང་རྒྱ་གར་དབུས་གཞུང་དང་ཀར་ན་ཏྲཀའི་མངའ་སྡེ་གཞུང་གི་བཀའ་དྲིན་འོག་གྲྭ་ཚང་གི་ཕྱག་བཞེད་བཤད་སྒྲུབ་འཁོར་ལོ་གསུམ་གྱི་ལེགས་ཚོགས་ཀྱི་ལེགས་བྱང་སྤྱི་དང༌། སྒོས་སུ་གྲྭ་ཚང་འདི་ཉིད་ཀྱི་མཐོང་བ་བརྒྱུད་པའི་ཕྱག་སྲོལ་ཕྲ་མོའི་ཚུན་མཉམ་པ་མེད་པར་སྐྱར་གསོ་ཡང་གསོའི་འཕྲིན་ལས་ཀྱི་འཇུག་པ་རྒྱ་ཁྱབ་དུ་འཕེལ་ཐུབ་པ་བྱུང་ཡོད། ཕྱིས་སུ་རིམ་གྱིས་བོད་དང༌། འབྲུག བལ་ཡུལ། མོན། ལ་དྭགས། སྤི་ཏི། ཁུ་ནུ། ག་ཤ་ སྒང་སྟོག་སོགས་ནས་ཕེབས་པའི་གྲྭ་རྒྱུན་གསར་ཞུགས་ཇེ་མངས་ཀྱིས་དགེ་འདུན་གྱི་སྡེ་ཚོགས་ཇེ་རྒྱས་སུ་སོང་བར་བརྟེན་ཕྱི་ལོ་ ༢༠༠༡ ལོར་གཙུག་ལག་ཁང་འདི་ཉིད་གསར་བསྐྲུན་ལེགས་གྲུབ་བྱུང༌། དེང་གི་ཆར་དགེ་འདུན་གྱི་སྡེ་ཚོགས་ ༢༧༠༠ ལྷག་ཙམ་གྱིས་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་གྱིས་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་འཇུག་པ་བསྐྱངས་དང་སྐྱོང་བཞིན་པ་དང༌། འདི་ནས་སློབ་གཉེར་རིམ་ཐོན་གྱིས་འཛམ་གླིང་ཕྱི་ནང་གང་སར་ཞི་བདེ་དང༌། སྤྱི་ཚོགས་ཐོག་ཕན་བདེའི་ཞབས་ཞུ། འཚེ་བ་མེད་པའི་ལམ་སྟོན་སོགས་གང་ནུས་ཞུས་དང་ཞུ་བཞིན་པ་བཅས།

དགའ་ལྡན་བྱང་རྩེ་གྲྭ་ཚང་ནས།